Pages

Saturday, February 6, 2010

རང་གི་རང་བཞིན་བརྗོད་པའི་ཀ་རྩོམ།

ཀ་བ་བཟུམ་གྱི་དྲང་པོའི་སེམས་འབག་སྟེ། །ཁ་ཐུག་ཕོག་མི་ལཱ་རང་འབདཝ་མ་གཏོགས། །
ག་ཅི་འབད་རུང་གཞན་ལུ་ངོ་སྟོན་ཏེ། །ང་རང་འཇོན་དྲགས་ཨིནམ་བཟུམ་འབད་མ་མྱོང་། །


ཅ་ཅོ་ཧན་པའི་གཏམ་གྱི་མགུ་བསྐོར་ཡང་། །ཆ་ཙམ་ཅིག་ར་ང་གིས་སླབ་མ་མྱོང་། །
ཇ་དང་ཆང་གིས་ནང་གསུག་སྤྲོད་ནི་ཡང་། །ཉམས་ཆུང་ང་གིས་རྩ་ལས་འབད་འབདཝ་མེད། །


ཏ་མིང་དཔོན་ལུ་བཅམ་ཅ་འབད་མ་མྱོང་། །ཐ་མལ་མི་ལུ་བརྙས་བཅོས་འབད་མ་མྱོང་། །
ད་ཚུན་དྲང་པོའི་ལཱ་ར་འབད་སྡོདཔ་ལས། །ན་ཚོད་རྒསཔ་ད་བློ་འགྱོད་བསྐྱེད་དགོཔ་མེད། །


པ་ལོ་བཀྲེག་པའི་གྲལ་ལས་ཐོན་རུང་ཡང་། །ཕ་ཆོས་རྒྱབ་ཁར་བསྐྱུར་ཏེ་བཞག་བཞགཔ་མེད། །
བ་གླང་བཟུམ་མའི་ཤེས་པ་རྨོངས་རུང་ཡང་། །མ་རུང་པ་ཡི་བྱ་སྤྱོད་འབད་མ་མྱོང་། །


ཙ་ཀ་ཙི་ཀིའི་ལཱ་ལུ་མགུ་འཁོར་ཏེ། །ཚགས་ཁར་ཚུད་པའི་སློབ་སྦྱོང་མ་འབདཝ་ལས། །
ཛ་ར་ཛོ་རོའི་ལཱ་འབད་ཤེསཔ་མ་གཏོགས། །ཝ་ལེར་གསལ་བའི་ཤེས་རབ་ང་ལུ་མེད། །


ཞར་དང་ཞོར་ཁར་ཨིང་ལིཤི་མ་ལྷབ་ལས། །ཟང་ཟིང་རྒྱུ་ནོར་ང་གིས་བསྒྲུབ་མ་ཚུགས། །
འ་འུར་ངང་ལུ་མི་ཚེ་རྫོགས་འགྱོཝ་ད། །ཡ་མེད་ང་རང་སེམས་པ་ཧིང་ལས་སྐྱོ། །


ཧ་ཅང་ཐུང་བའི་མི་ཚེ་འདི་ནང་ལུ། །ཨའི་ལུ་ཞབས་འདྲེན་ཞུ་ཞུཝ་མེད་རུང་ཡང་། །
ཆོས་དང་འཇིག་རྟེ་མཐར་ཕྱིན་མ་ཚུགསཔ་ལས། །ཨའི་གི་ཨོམ་རིན་མ་འབྱོར་ངོ་ཚ་བས། །

ཀ་རྩོམ་ཁ་བྲལ་འཕྲིན་ཡིག།

ཀ་ནས་ལས་ཀྱིས་འབྲེལ་བའི་བྱམས་པ་ཁྱོད། །
ཁ་དོག་མཚར་བས་སྙིང་དུ་སྡུག་ན་ཡང་། །
ག་གེ་མོ་ཡི་རྒྱུ་མཚན་ཞིག་ལ་བརྟེན། །
ང་ཡི་གཏན་གྲོགས་འོས་པའི་འབབ་དང་བྲལ། །

ཅ་ལ་རྒྱུ་ནོར་མེད་པའི་སྤྲང་པོ་ང་། །
ཆ་མེད་ཡ་མེད་གཅིག་པུར་སྡོད་ཉམས་སྤྲོ། །
ཇ་ཆང་ལོངས་སྤྱོད་འདོད་པའི་བཞིན་བཟང་ཁྱོད། །
ཉ་གང་གྲོགས་བཟང་འཚོལ་ནས་ཕེབས་པར་ཞུ། །

ཏ་ཟི་ཀླ་ཀློའི་རིགས་བརྒྱུད་མ་ཡིན་ཞིང་། །
ཐ་མལ་འོན་ལོང་ལྐུགས་པའང་ཁྱོད་མིན་པས། །
དང་དང་ཕྱི་མའི་དོན་ཆེན་བསྒྲུབ་ནུས་པའི། །
ན་མཉམ་གྲོགས་བཟང་དམ་པ་ངེས་པར་ཐོབ། །

པ་ཏྲ་རི་མོས་མཛེས་པའི་ཁང་བཟང་སོགས། །
ཕ་མས་བསྒྲུབས་པའི་རྒྱུ་ནོར་ལོངས་སྤྱོད་ནི། །
བཛྲ་དྷ་ཛྭ་ང་ལ་མ་མཆིས་པས། །
མ་དག་འཁོར་བའི་གནས་ལ་ཆགས་དོན་མེད། །

ཙཱ་རི་འདྲ་བའི་སྦས་ཡུལ་དམ་པ་རུ། །
ཚ་གྲང་ཁྱད་བསད་དཀའ་ཐུབ་བསྒྲུབ་ཏུ་འགྲོ། །
ཛ་རོང་འཁོར་བའི་གནས་ལས་ཐར་ཆེད་དུ། །
ཝ་ལེར་གསལ་བའི་ཤེས་རབ་བསྒོམ་དུ་འགྲོ། །

ཞྭ་ལྟར་གྱོན་མཐར་ལྷམ་ལྟར་དོར་མིན་ཡང་། །
ཟ་ཟི་འ་འུར་ངང་དུ་སྡོད་པ་ལས། །
འ་ཅག་མི་ཚེ་ཆུད་ཟོས་མ་གཏོང་བར། །
ཡ་རབས་ངང་ཚུལ་སྐྱོང་བའི་ཐབས་ཚུལ་ཡིན། །

ར་རི་བྲལ་བའི་བཞིན་བཟང་ཁྱོད་ཀྱི་ཞལ། །
ལ་ལུང་དུ་མའི་ཕག་ཏུ་ཡིབ་ན་ཡང་། །
ཤ་ཚ་ཅན་གྱི་ང་ཡི་ཡིད་མཁའ་རུ། །
ས་སྟེང་འདི་ནང་སྡོད་རིང་ཤར་བར་སྨོན། །

ཧ་ཧ་དགའ་སྤྲོའི་ངང་དུ་སྡོད་བྲོ་ཡང་། །
ཧ་རེ་ཧོ་རེ་མང་བས་བར་ཆད་བྱུང་། །
ཨ་ཕ་རྒན་པོ་བློ་ཐག་ཆོད་ཚར་བས། །
ཨ་རོགས་ཁྱོད་རང་བསམ་མནོ་ཞིབ་མོར་ཐོངས། །

པདྨ་གླིང་པའི་རྣམ་ཐར་གསོལ་འདེབས།

ཟིན་བྲིས་འདི་སྒོ་འབྱེད་འབདཝ་ད་གཅིག་ཁར་ སྤྱིར་རྒྱལ་ཁམས་ཡོངས་དང་ལྷག་པར་དུ་འབྲུག་རྒྱལ་ཁབ་འདི་ནང་ ནད་ཡམས་དམག་འཁྲུགས་མུ་གེ་ཚུ་མེད་པར་ མཐོཝ་རྒྱལ་བཙུན་བློན་འཁོར་མན་ཆད་དང་ དམཝ་འབུབ་གྱོག་མུ་ཡན་ཆད་ ཇི་སྲིད་སྐལ་པ་མ་ཞིག་གི་བར་དུ་ ཞི་བདེའི་ངང་གནས་པའི་ཆེད་དུ་ གཏེར་སྟོན་པདྨ་གླིང་པའི་རྣམ་ཐར་གསོལ་འདེབས་རང་གི་ཞལ་གསུངས་མ་འདི་འདི་ནང་བཀོད་ནི་ཨིན།

ཨེ་མ་ཧོ། ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སིང་། །ཨོ་རྒྱན་པདྨ་ཡེ་ཤེས་མཚོ་རྒྱལ་དང་། །བརྒྱུད་པ་དྲུག་ལྡན་རིམ་བྱོན་པདྨ་གླིང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །པདྨས་སྨོན་ལམ་ཐུགས་རྗེས་རབ་བསྐུལ་ནས། །ཆོས་རྒྱལ་སྲས་མོ་ལྷ་ལྕམ་པདྨ་གསལ། །སྐྱེ་བའི་མཐའ་མ་རྒྱལ་སྲས་པདྨ་གླིང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མོན་ཡུལ་མི་ཁོམས་སྙིང་རྗེའི་ཡུལ་དབུས་འདིར། །ཕ་མའི་མངལ་འཁྲུངས་ལུས་ཀྱི་དཀྱིལ་འཁོར་རྒྱས། །སྐུ་ལ་མཚན་སྤྲས་རྒྱལ་སྲས་པདྨ་གླིང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཉི་ཤུ་རྩ་བདུན་སྟོན་ཟླ་ར་བའི་ཉ། །མཁའ་འགྲོས་ལུང་བསྟན་སྣ་རིང་བྲག་ལོགས་ནས། །ཨོ་རྒྱན་ཟབ་གཏེར་རྙེད་མཛད་པདྨ་གླིང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཟབ་དགུའི་གཏེར་གནས་མ་ལུས་ཐམས་ཅད་ནས། །གདུལ་བྱའི་དབང་གིས་ཟབ་གཏེར་ཀུན་བསླངས་ཤིང་། །འགྲོ་རྣམས་འདྲེན་མཛད་རྒྱལ་སྲས་པདྨ་གླིང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྐུ་གསུང་ཐུགས་ཀྱི་མཛད་པ་དེ་ཉིད་ནི། །ཞབས་རྗེས་བཞག་དང་ཉམས་དབྱངས་རྒྱང་གླུ་ལེན། །ཆོས་དབྱིངས་འགྱུར་མེད་རྒྱལ་སྲས་པདྨ་གླིང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གར་བཞུགས་གནས་རྣམས་མ་ལུས་ཐམས་ཅད་དུ། །དབང་དང་ཆོས་འབྲེལ་སུས་ཐོབ་ལམ་སྣ་འདྲེན། །སྙིགས་མའི་འགྲོ་མགོན་རྒྱལ་སྲས་པདྨ་གླིང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྒྱལ་བའི་རྣམ་སྤྲུལ་རྒྱལ་སྲས་པདྨ་གླིང་། །བདག་འདྲའི་རྗེས་འཇུག་སྐྱབས་མེད་སེམས་ཅན་ལ། །དུས་གསུམ་རྟག་ཏུ་ཐུགས་རྗེས་གཟུང་ནས་ཀྱང་། །ཀ་དག་གདོད་མའི་དབྱིངས་སུ་བསྐྱལ་བར་མཛོད། །

དེ་ལྟར་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པའི་མཐུན་འགྱུར་མཛད་གནང་ཞུ།

ཟིན་བྲིས་ལྷག་མི་ཡོངས་ལུ་ཞུ་བ།

ད་རེས་ང་གིས་ རྫོང་ཁ་གོང་འཕེལ་ཟེར་བའི་ཟིན་བྲིས་ཅིག་བཟོ་ཡི། དེ་སྦེ་བཟོ་དགོ་མི་འདི་ཡང་ ད་རེས་ནངས་པའི་དུས་རབས་འདི་ བརྡ་དོན་འཕྲུལ་རིག་གི་དུས་རབས་ཨིནམ་ལས་ ཡར་རྒྱས་གོང་འཕེལ་གྱི་ལཱ་ག་ཅི་ར་འབད་རུང་ བརྡ་དོན་འཕྲུལ་རིག་གི་ཐོག་ལས་འབད་དགོཔ་བཞིན་དུ་ དེ་གི་ཐོག་ལས་འབད་མ་ཚུགས་པ་ཅིན་ ཡར་རྒྱས་དང་གོང་འཕེལ་རྩ་ལས་ར་འགྱོ་མ་ཚུགས་པའི་དུས་ཚོད་ཅིག་ལུ་ལྷོད་དེ་ཡོད། དེ་སྦེ་འབད་ནི་འདི་གིས་ ང་བཅས་རའི་རྒྱལ་ཁབ་རང་བཙན་གྱི་ངོ་རྟགས་ལམ་སྲོལ་ཀུན་གྱི་རྩ་བ་ རྫོང་ཁའི་སྐད་ཡིག་དེ་ཡང་ ཡར་རྒྱས་གོང་འཕེལ་གཏང་དགོ་པ་ཅིན་ བརྡ་དོན་འཕྲུལ་རིག་གི་ཐོག་ལས་གཏང་དགོཔ་འདི་ ག་ནི་བ་གལ་ཆེ་ཤོས་ཅིག་ཨིན། རྒྱུ་མཚན་འདི་ལུ་བརྟེན་ཏེ་ ད་རེས་ང་གིས་ རྫོང་ཁ་གོང་འཕེལ་གཏང་ནི་ལུ་ཞབས་ཏོག་ཞུ་ཚུགས་པའི་རེ་བ་གིས་ རྫོང་ཁ་གོང་འཕེལ་ཟེར་བའི་ཟིན་བྲིས་འདི་བཟོ་བཟོཝ་ཨིན། ཁྱེད་ཟིན་བྲིས་ལྷག་མི་རྒན་གཞོན་ཕོ་མོ་ཚུ་གིས་ཡང་ རང་སོའི་བསམ་འཆར་ཚུ་ཟིན་བྲིས་འདི་ནང་བཀོད་གནང་སྟེ་ རྫོང་ཁ་གོང་འཕེལ་གཏང་ནི་ལུ་བརྩོན་གནང་ཟེར་བའི་ཞུ་བ་ཕུལཝ་ཨིན།